ཟངས་དཀར་ལ་དབྱར་ཁའི་གནམ་གཤིས་ནི་ཤིན་ཏུ་སྐྱིད་པ་ཞིག་ལ། རི་དང་སྤང་ལྗོངས་སྔོ་ལྗང་ལྗང་དང་ལྡན་ཞིང་རི་དྭགས་རྣམས་བག་ཕེབ་པོའི་ངང་འཚོ་བཞིན་གནས་ཡོད། བར་སྣང་ནས་བྱ་བྱེའུ་ཀུན་གླུ་དབྱངས་ལེན་བཞིན་ཡུལ་མི་ཚོའི་སྐྱོ་ངལ་གསོ་བ་དང་མཚུངས།
ས་ལ་རླུང་སིལ་པོ་རྒྱུག་ཞིང་ལྕང་མ་རྣམས་སྔོ་ལྡེམ་ལྡེམ་བྱེད། གངས་རི་ལས་ཆུ་བོ་རྒྱུན་མ་ཆད་པར་འབབ་ཅིང་ལོ་ཏོག་དུས་སུ་སྨིན་པར་བྱེད་པ།
ཉིན་མོར་མེ་ཏོག་ཀུན་རྒྱས་ནས་མཚན་མོའི་སྐར་ཚོགས་བཞིན་འོད་ཚིལ་ཚིལ་བྱེད་པ།མཚན་མོར་ནམ་མཁའ་གཙང་བའི་སྐར་ཚོགས་རྣམས་མེ་ཏོག་བཞིན་མཛེས།
ཆར་པ་སིམ་སིམ་འབབ་དུས་དབང་པོའི་གཞུས་ལུང་པ་དེར་ཚོན་མདོག་སྣ་ཚོགས་བཅུག་པ་བཞིན་སྣང་ངོ་།
དེ་དག་ནི་སྤྱི་མཐུན་གྱི་བསོད་ནམས་ཡིན་ནམ་སྙམ། དེ་འདྲ་བའི་ཁོར་ཡུག་ནི་ཤིན་ཏུ་དཀོན་པས་བདག་ཅི་ལ་དེར་མི་འགྲོ།
༢༠༡༢ ལོར་དབྱར་ཁ་ཟླ་བ་གཅིག་ཙམ་རིང་ནང་ཏུ་བསྡད་པ་ཡིན། དེ་དུས་ཐེང་ཤིག་ཛོང་ཁུལ་དགོན་པར་གྲུབ་ཆེན་ན་རོ་པའི་སྒྲུབ་ཕུག་མཇལ་ཞོར་དུ་
ཨ་ཇོ་སྐལ་བཟང་དང་མཉམ་དུ་དུང་རི་ལ་ལྷ་བྲིས་ཀྱི་ལས་རོགས་སུ་ཕྱིན་པ་ཡིན། སྐབས་དེ་དུས་དུང་རི་ཡུལ་གྱི་སྒང་ལ་རྦབ་ཆུ་ཞིག་འདུག་པ་དེར་ཕྱིན་ཏེ་ཁྲུས་བརྒྱབ་པ་ཡིན།
དུང་རི་ནས་ཛོང་ཁུལ་བར་དུ་གོམ་པ་བརྒྱབ་ནས་ཕྱིན་པ་ཡིན་པས་ཆུ་ཚོད་གསུམ་ཙམ་འགོར་སོང་།
དེ་དུས་དགོན་པར་དགེ་འདུན་པ་ཚོ་སྨོན་ལམ་འཚོགས་བཞིན་འདུག། ངེད་གཉིས་སྒྲུབ་ཕུག་དང་དགོན་པ་མཇལ་མ་ཐག་ཐབ་ཚང་དུ་བོས་ནས་བཟའ་བཏུང་མང་པོ་ཞིག་སྤྲད་སོང་།
ན་རོ་པ་དུར་རབས་༡༡པའི་ནང་ཟངས་དཀར་ལ་ཕེབས་ནས་ད་ལྟའི་ཛོང་ཁུལ་དགོན་པའི་ནང་བྲག་ཕུག་ཞིག་ཡོད་པ་དེར་ཡུན་རིང་པོར་སྒོམ་ཉམས་ལེན་མཛད་ནས་བཞུགས་པའི་ལོ་རྒྱུས་འདུག
རྗེས་སུ་བླ་མ་གྲུབ་ཐོབ་པ་མང་པོ་ཞིག་གིས་ཀྱང་དེར་སྒོམ་སྒྲུབ་ནས་རྟོགས་པ་མཐོན་པོར་སླེབས་ཡོད་པ་ནི་ཁོང་རྣམ་པའི་རྣམ་ཐར་དང་གསུང་འགུར་ལས་གསལ་ལོ།
གསུང་འགུར་དང་རྣམ་ཐར་གྱི་དཔེ་ཆ་ནི་ད་ལྟ་ཡང་ཛོང་ཁུལ་ལ་མཇལ་རྒྱུ་ཡོད་པ་གྲོགས་པོ་བསམ་འཕེལ་གྱིས་བཤད་སོང་།
ཁོང་གིས་དེའི་སྐོརགྱི་ལོ་རྒྱུས་ཡང་མང་པོ་ཞིག་བཤད་སོང་། འོན་ཀྱང་བདག་ལ་ནི་རྣམ་ཐར་དང་གསུང་འགུར་གྱི་དཔེ་ཆ་གཅིག་ཀྱང་མཇལ་བའི་གོ་སྐབས་མ་བྱུང་།
དཀོན་གཉེར་གྲྭ་བ་གཞོན་གཞོན་ཞིག་འདུག་པ་དེ་ལ་དྲིས་པ་ཡིན།ཁོང་གིས་ “སྟག་སྣ་རིན་པོ་ཆེ་སྐུ་མ་གཤེགས་གོང་ལ་དཔེ་ཆ་རྣམས་ཐེལ་ཙེ་བརྒྱབ་ནས་བཞག་ཡོད་པས་དེ་ཞལ་ཕྱེ་བའི་ཐོབ་ཐང་ནི་ཁོང་གི་ཡང་སྲིད་ལ་མ་གཏོགས་སུ་གང་ལ་མེད་” ཅེས་ལབ་སོང་།
ན་རོ་པའི་གྲུབ་ཕུག་ནང་དུ་བྲག་ཐོག་ནས་ཆུ་ཐིག་པ་རེ་རེ་འབབ་བཞིན་འདུག་པ་དེའི་འོག་དུ་སྣོད་ཅིག་གི་ནང་དུ་བསགས་ནས་ཞོགས་པ་དགོན་པ་དེར་མཆོད་པ་མཤམ་པ་དང་གནས་མཇལ་པས་བྱིན་རླབས་ཀྱི་ཚུལ་དུ་འཁྱེར་བཞིན་འདུག།
གྲུབ་ཆེན་ན་རོ་པ་དབེན་པའི་གནས་ལ་བཞུགས་ནས་སྒྲུབ་པ་མཛད་སྐབས་དེའི་ཉེ་འཁོར་དུ་ཡོད་པའི་ཡུལ་མི་རྣམས་ཀྱིས་དད་ཅིང་གུས་པའི་མཆོད་པ་དང་ཁོང་ལས་དམ་པའི་ཆོས་མང་པོ་གསན་པའི་ལོ་རྒྱུས་སྟག་སྣ་རིན་པོ་ཆེའི་དེབ་[i]ནང་དུ་འཁོད་འདུག།
དེབ་དེའི་ནང་དུ་ན་རོ་པ་ཟངས་དཀར་ནས་གནས་གཞན་དུ་ཕེབས་པར་བརྩམས་པ་ན་ཡུལ་མི་རྣམས་ཀྱིས་ཞུ་པ་ཕུལ་བར་ “ཁྱེད་ནི་བདག་ཅག་མགོན་མེད་རྣམས་ཀྱི་མགོན་དང་སྐྱབས་ཡིན་པས་ན་ངེད་རྣམས་ཀྱི་སྐྱབས་དང་མགོན་དུ་ཅིས་ཀྱང་བཞུགས་པར་མཛོད།
ཅེས་ཞུ་བ་ཕུལ་བའི། དེ་ནས་དཔལ་ན་རོ་པའི་ཞལ་ནས། ང་ནི་འདུ་བྱས་འཇིགཔའི་རང་བཞིན་ཅན་ཞིག་ཡིན་པས་དུས་རྟག་ཏུ་ཁྱེད་རྣམས་ལ་ཕན་མི་སྲིད” ཅེས་གསུངས་ནས་ན་རོ་པས་རང་ཉིད་ཀྱི་སྐུ་ཞིག་བསྒྲུབས་སྟེ་དེའི་ནང་དུ་རྡོ་རྗེ་འཆང་གི་ལི་སྐུ་ཐེ་བོང་ ཙམ་ཡོད་པ་དེ་གཟུངས་སུ་ཕུལ་ནས་ཡུལ་མི་རྣམས་ཀྱི་མཆོད་པའི་རྟེན་དུ་བཞག།
ན་རོ་པའི་སྐུ་དེ་ནི་ད་ལྟ་ས་ནི་མཁར་དུ་ཡོད་པས་ས་ནི་གནས་མཇལ་སྐབས་སུ་ཞལ་ཕྱེས་ནས་དད་ལྡན་སེར་སྐྱ་ཕོ་མོ་རྣམས་ཀྱི་བསོད་ནམས་ཀྱི་རྟེན་དུ་བྱེད་དོ།
ཛོང་ཁུལ་དགོན་པ་ནི་དེང་སང་ཡང་སྒོམ་རྒྱག་སའི་ཁོར་ཡུག་ཡག་ཤོག་ཅིག་ཏུ་མཐོང་བྱུང་།
ཉིན་མོར་མི་མང་པོ་མེད་པ་དང་མཚན་མོར་སྐད་ཅོར་སོགས་གང་ཡང་མེད་པ། ས་དང་གནས་ཟངས་བ་ལ་སོགས་པའི་ཕྱིའི་མཐུན་རྐྱེན་ནི་སློབ་དཔོན་ཀྭ་མ་ལ་ཤྭི་ལས་མཛད་པའི་སྒོམ་རིམ་བར་པའི་ནང་གང་གསུངས་ཡོད་པ་དེ་བཞིན་མཐོང་བྱུང་།
སྒྲུབ་ཕུག་གི་གཡས་གཡོན་དུ་མཚམས་ཁང་འགའ་བརྩིགས་འདུག་པའི་ནང་ཕྱི་རྒྱལ་བ་ཁ་ཤས་ཀྱིས་སྒོམ་རྒྱག་པ་ལས་ཟངས་དཀར་བ་གཅིག་ཀྱང་མེད་པའི་སེམས་ཏོག་ཙམ་མི་བདེ་བ་ཞིག་བྱུང་།
སློབ་དཔོན་གྱིས་མཛད་པའི་སྒོམ་རིམ་བར་པའི་ནང་ཞི་གནས་ཀྱི་ཚོགས་ལྔ་བཤད་ཡོད་པས་ལ་དང་པོ་མཐུན་པའི་ཡུལ་ལ་གནས་པ་ནི་ཕྱིའི་མཐུན་རྐྱེན་ཡིན་ནོ།མཐུན་པའི་ཡུལ་ལ་གནས་པ་ལ་ལྔ་ཡོད་ཏེ།
དེ་དག་ནི་༡༽རྙེད་སླ་བ་༢༽ས་ཟངས་བ་༣༽གནས་ཟངས་བ་༤༽གྲོགས་ཟངས་བ་༥༽ཉིན་མོར་མི་མང་པོ་མེད་པ་དང་མཚན་མོར་སྒྲ་མང་མོ་མེད་པ་བཅས་ལྔ་ཡིན་ནོ།
དེ་ལྔ་ཀ་ཛོང་ཁུལ་དགོན་པར་ཚང་འདུག་པས་སློབ་གཉེར་ཚར་རྗེས་སུ་དེ་ནས་སྒོམ་གྱི་བྱིན་རླབས་ཀྱང་ལེན་དགོས་བསམ་སོང་།
༡༽རྙེད་སླ་བ་ནི་གོས་དང་ཟས་ལ་སོགས་པ་ཚེགས་མེད་དུ་རྙེད་སླ་བ།
རྫོང་ཁུལ་དགོན་ནི་ཡུལ་གྲོ་ཁང་དང་ཨ་ཏིང་གི་ཉེ་སར་གནས་པའི་ཟས་གོས་གྱི་མཐུན་རྐྱེན་དཀའ་ཚེགས་མེད་པར་རྙེད་པའོ།
༢༽གནས་ཟངས་བ་ནི་སྐྱེ་བོ་སྲུན་པ་དང་དགྲ་ལ་སོགས་པ་མི་གནས་པ།སྔར་ཛོང་ཁུལ་དགོན་པར་རྐུན་མ་ཤོར་བའི་ལོ་རྒྱུས་ཡོད་ཀྱང་སྐྱེ་བོ་མི་སྲུན་པ་ཡོང་ནས་སྒོམ་ལ་བར་ཆད་བྱེད་མཁན་གྱི་ལོ་རྒྱུས་ནི་མེད་པའོ།
རྐུན་མ་ཇི་ཙམ་བྱུང་ཀྱང་རྣལ་འབྱོར་པས་ནི་འཕགས་པའི་ནོར་བདུན་སེམས་ལ་འཆང་ནས་ཕྱིའི་མི་རྟག་པའི་དངོས་པོ་ནི་རང་ཉིད་འཚོ་ཙམ་ཞིག་བྱུང་ན་གྲིག་པ་ཡིན།དེ་ཡང་སྔར་མི་ལ་རས་པས་རྐུན་མ་ཞིག་ལ་ངས་ཉིན་མོར་བཙལ་ཀྱང་མི་རྙེད་ན་ཁྱེད་ཀྱིས་མཚན་མོར་ག་ལ་རྙེད་གསུངས་པའི་ལོ་རྒྱུས་ལ་གོ་བ་ཞིག་འདུག།
༣༽ས་ཟངས་བ་ནི་ནད་མེད་པའི་ས་གཞི་ཞིག་ཡིན་དགོས།སྤྱིར་རིའི་རླུང་གཙང་ཞིང་ཡང་སྒོས་ལུང་པ་དེར་སྨན་རྩ་དང་མེ་ཏོག་གི་དྲི་ཞིམ་གྱིས་ཁེངས་པའི་ཁོར་ཡུག་ཞིག་ཡན་སྟབས་ནད་འབྱུང་བའི་གོ་སྐབས་ནི་མེད་དོ།
༤༽གྲོགས་ཟངས་བ་ནི་གྲོགས་ཚུལ་ཁྲིམས་དང་མཐུན་པ་ཞིག་ཡིན་དགོས།དགོན་པའི་ནང་དུ་གནས་ཡོད་པའི་དགེ་འདུན་ཀུན་གཞན་ཁྱིམ་པ་ལས་ཞི་ཞིང་དུལ་བ་ཡོད་པས་སྒོམ་རྒྱག་མཁན་གྱི་ལྟ་བ་དང་མཐུན་པ་ཡིན་ནོ།
༥༽ཉིན་མོར་མི་མང་པོ་མེད་པ་དང་མཚན་མོར་སྒྲ་མང་པོ་མེད་པ་ནི་ཉིན་མོར་དགོན་པའི་གྲྭ་བ་ལས་གཞན་མེད་པ་དང་མཚམས་རེར་གནས་མཇལ་བ་འགའ་མཐོང་རྒྱུ་ཡོད།
ཛོང་ཁུལ་དགོན་པ་ནི་གྲོང་ལས་རྒྱང་གྲགས་དྲུག་ཙམ་རིང་བའི་སར་གནས་ཡོད་པས་མཚན་མོར་སྒྲ་མང་པོ་འབྱུང་བ་ནི་ཉིན་མོའི་སྐར་མ་དང་འདྲ།
སྒོམ་རྒྱག་པ་ལ་ཕྱིའི་མཐུན་རྐྱེན་དེ་འདྲ་ཡོད་པས་སུའི་སེམས་མི་ཕྲོག།འོན་ཀྱང་ཕྱིའི་མཐུན་རྐྱེན་ཡག་པོ་མཐོང་ནས་སྒོམ་རྒྱག་ཆོག་ཆོག་ནི་མེད་པའོ།
སྒོམ་རྒྱག་པ་ལ་དང་པོ་རང་ཉིད་ཀྱི་ནང་གི་མཐུན་རྐྱེན་ཚང་པར་བྱེད་དགོས།
ནང་གི་མཐུན་རྐྱེན་ནི་དགེ་བའི་བཤེས་གཉེན་ལས་བསླབ་པ་གསུམ་གྱི་དོན་ཐོས་པར་བྱས་རྗེས་ཡང་ནས་ཡང་དུ་དོན་རྣམས་བསམ་ནས་ངེས་ཤེས་འདྲེན་ཐུབ[ii]་པ་ཞིག་བྱས་ཏེ་སྒོམ་བྱུང་གི་ཤེས་རབ་ལ་སྦྱོར་དགོས།
དེ་འདྲ་བྱས་ན་རང་ཉིད་འདོད་པ་ཆུང་བར་འགྱུར་བ་དང་ཆོག་ཤེས་པ། བྱ་བ་མང་པོ་ཡོངས་སུ་སྤོང་།
ཚུལ་ཁྲིམ་རྣམ་པར་དག་པ་དང་འདོད་པ་ལ་སོགས་པ་རྣམ་པར་རྟོག་པ་མེད་པར་བྱས་ནས་སྒོམ་བྱུང་གི་ཤེས་རབ་ཀྱང་སྐྱེ་སྟེ་ཉོན་མོངས་ཀྱི་གཉེན་པོ་བྱེད་ཐུབ།
སྤྱིར་ལྷག་མཐོང་གི་རྒྱུ་འམ་ཚོགས་ཀྱང་འབྲི་དགོས་བས་འདིར་ན་རོ་པའི་སྒྲུབ་ཕུག་གི་ཕྱིའི་དཀོད་པའི་ཆེ་བ་ཙམ་སྟོན་པའི་འབད་བརྩོན་བྱས་པ་ཡིན་པས་སྒོམ་གྱི་སྐོར་ལ་ཤེས་འདོད་ཡོད་ཚེ་སློབ་དཔོན་ཀྭ་མ་ལ་ཤྭི་ལས་མཛད་པའི་སྒོམ་རིམ་བར་པ་ལ་གཟོགས་ན་ལེགས།





