༢༠༡༢ནང་གི་དབྱར་ཁའི་ཟླ་བ་གཉིས་ཀྱི་གུང་སེང་ནི་གཞན་དང་མི་འདྲ་བ་ཞིག་བྱུང་སོང་། དེ་དུས་དབྱར་ཁའི་གནམ་གཤིས་སྐྱིད་པ་དང་སྟབས་བསྟུན་ནས་ཟངས་དཀར་ལ་བག་སྟོན་མང་པོ་ཞིག་བྱེད་བཞིན་འདུག དགུང་སེང་སྐབས་བག་སྟོན་སྐོར་ལ་དཔྱད་པ་ཞིག་བྱེད་རྒྱུའི་དམིགས་ཡུལ་ཆུང་ཆུང་ཞིག་འཁྱེར་ནས་ཕྱིན་པ་ཡིན།
ང་ནང་དུ་བསླེབས་པའི་ཉིན་མོ་དེར་འུབ་ཏི་རུ་བག་སྟོན་ཞིག་འདུག ནང་དུ་བསླེབས་མ་ཐག་གྲོགས་པོ་ཚོ་དང་མཉམ་དུ་དགའ་སྤྲོའི་ངང་དེར་ཕྱིན་པ་ཡིན།
བག་སྟོན་གྱི་ཁོར་ཡུག་ནི་གླུ་གཞེས་དང་ཆང་རག་ཞལ་བཟས་བཅུད་ལྡན་སྣ་ཚོགས་དང་། མི་མང་པོ་འཛོམས་ས་ཞིག་ཆགས་ཡོད།
ང་ནི་བག་སྟོན་གྱི་གླུ་གཞེས་དང་ལོ་རྒྱུས་ལ་མཉམ་ཞིོབ་བྱེད་ཁུལ་གྱིས་གང་དུ་བག་སྟོན་ཡོད་ན་དེར་འཛེམ་སོན་མེད་པར་འགྲོ་རྐྱང་བྱེད་གི་ཡོད།
དེའི་ཕྱིར་ངས་རྟག་པར་འབྲི་དེབ་དང་སྨྱུ་གུ་མཉམ་དུ་འཁྱེར་གྱི་ཡོད། བག་སྟོན་ལ་ཆང་མ་འཐུང་ན་ཕོ་གསར་གྱི་ཉམས་མི་བྱུང་བའི་བྲོ་བ་མྱོང་བའི་ཕྱིར་ཕོར་པ་འགའ་བྲེལ་བ་འཚུབ་འཚུབ་ངང་བཏུང་བ་ཡིན།
ཆང་ཕོར་པ་འགའི་བྲོ་བ་མྱོང་བའི་རྗེས་སུ་གླུ་གཞེས་དང་ལོ་རྒྱུས་ནི་གར་སོང་ཆ་མེད་དུ་གྱུར་ཏེ་གཞོན་ནུ་མ་མཉམ་དུ་གར་འཁྲབས་ནས་མཚན་འདས།
ཞོགས་པ་གཉིད་སད་པ་དང་དྲན་པ་སོ་དུས་རང་གི་ལས་ཀ་སྟེ་བསྒྱུབས་་མེད་པས་སེམས་ནང་སྐྱོ་སྣང་སྐྱེས།
གྲོགས་པོ་ཚོ་དང་མཉམ་དུ་བག་སྟོན་མང་པོར་ཕྱིན་ཀྱང་གླུ་གཞེས་དང་ལོ་རྒྱུས་ནི་ཚིག་གཅིག་ཀྱང་བྲིས་མི་འདུག།
མཚམས་རེར་གླུ་གཞེས་ལེན་མཁན་རྣམས་ལ་རྣ་ཅོག་གྲུང་པོ་ངང་ཉན་ཀྱང་སྒྲ་འདངས་མ་གོ་ནས་སྤྲོ་བ་བརླག
སྤྱིར་གླུ་གཞེས་གཏོང་མཁན་རྣམས་ཀྱང་མྱོས་ཆུ་བཏུང་ཡོད་དུས་གཞེས་ཚིག་གསལ་པོ་མེད་པ་ཁག་མེད།
འོན་ཀྱང་སེམས་ཤུགས་མ་ཆགས་པར་འགྲོ་རྐྱང་བྱས་པ་ཡིན། མཐར་འུ་ཐུག་ནས་ཉིན་ཞིག་གླུ་གཏོང་མཁན་མེ་མེ་ཨུ་རྒྱན་དང་ཐུག་ནས་བག་སྟོན་གྱི་གླུ་གཞེས་དང་ལོ་རྒྱུས་སྐོར་དྲིས་པ་ཡིན།
ཁོང་གི་གསུངས་ཚུལ་ལྟར་ན་ད་ལྟ་བག་སྟོན་ནང་དུ་གླུ་གཞེས་གཏོང་བའི་ལུགས་སྲོལ་ནི་བོད་ནས་འབྱུང་བ་དང་སྔར་ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱ་ནག་ནས་ཀོང་ཇོ་གཙན་མོར་ལེན་སྐབས་ཀྱི་ལོ་རྒྱུས་ཞིག་ཡིན་པར་བཤད་སོང་།
དེ་འདྲའི་ལུགས་སྲོལ་དེ་ད་ལྟ་བོད་ལ་མེད་པ་དང་ལ་དྭགས་སུ་མ་ཉམས་པར་ཡོད་པ་ནི་བདག་ཏོག་ཙམ་ཡ་མཚན་སྐྱེས་བྱུང་།
སྤྱིར་བོད་ཀྱི་ལོ་རྒྱུས་ནང་དུས་རབས་བདུན་པར་སྲོང་བཙན་སྒམ་པོས་དམག་སྟོབས་ཀྱི་ཀོང་ཇོ་བཙུན་མོར་བླངས་པ་དང་རྟེན་སྐལ་དུ་སངས་རྒྱས་རང་ཉིད་ཀྱིས་རབ་གནས་མཛད་པའི་ཇོ་བོ་ཤཱ་ཀྱ་མུ་ནེའི་སྐུ་ཞིག་ཀྱང་བཙུན་མོར་ཕུལ་ཡོད་པ་ཁོད་འདུག
ཁོང་གིས་མུ་མཐུད་ཏུ་བཤད་གྱུར། སྲོང་གཙན་སྒམ་པོས་རྒྱ་ནག་རྒྱལ་པོའི་སྲས་མོ་མནའ་མར་སློང་བའི་ཕྱིར་བློན་པོ་རིག་པ་ཅན་ལ་སོགས་པ་རྟ་པ་མང་པོ་ཞིག་རྒྱ་ནག་ཏུ་བརྫངས།
དེ་དུས་ཕྱོགས་གཞི་མཚམས་བརྒྱད་ཀྱི་རྒྱལ་པོ་རྣམས་ཀྱི་འཐུས་མི་ཚོར་ཡང་སྲས་མོ་སློང་ཕྱིར་དེ་རུ་འཛོམས་ཡོད། རྒྱལ་པོས་ཐག་གཅོད་མ་ཐུབ་པར་ཀུན་ལ་གྲགས་དོན་ལ། སུ་ཞིག་རྣམ་དཔྱོད་དང་རིག་རྩལ་ལྡན་པ་ཞིག་ཡོད་ན་དེ་ལ་སྲས་མོ་ཕུལ་ཆོག་པའི་དམ་བཅའ་བཞག་གོ།
དེ་རྗེས་ལ་དྲི་བ་མང་པོ་དྲིས་པ་དང་གཞན་རྣམས་ནི་འུག་པ་བཞིན་ཉི་མ་ཤར་དུས་བརླག་འགྲོ་བ་དང་མཚུངས།
བློན་པོ་རིག་པ་ཅན་ནི་དྲི་བ་ཅི་ཙམ་དྲིས་པ་ལ་ལན་མི་ཐེབས་པ་གཅིག་ཀྱང་མེད་པས་སྲས་མོ་བྱིན་འདུག
འོན་ཀྱང་བློན་པོ་རང་ཉིད་རྒྱ་ནག་ཏུ་བཞུགས་དགོས་ཟེར་ནས་ཁང་པ་ཞིག་གི་ནང་དུ་ཡུན་རིང་བཞག།
རྗེས་སུ་བློན་པོས་རྣམ་དཔྱོད་བེད་སྤྱོད་བྱས་ནས་རྒྱ་ནག་ནས་བོད་དུ་ལོག་འདུག
བོད་དུ་བློན་པོ་རིག་པ་ཅན་གྱིས་སྔར་དྲི་བ་ལན་རྣམས་ཡིག་ཐོག་ཏུ་ཕབ་ནས་དཔེ་ཆ་མཐུག་པོ་ཞིག་ཆགས་ཡོད།
མེ་མེ་ཨམ་རྗེ་ལ་དྲིས་ཀྱང་ལོ་རྒྱུས་གཅིག་པ་བཤད་སོང་། རྗེས་སུ་བག་སྟོན་བྱེད་དུས་དཔེ་ཆ་དེ་བློ་ལ་བཟུང་ནས་གླུ་དབྱངས་ཀྱི་ཚུལ་དུ་བཏང་སྟེ་སྲོལ་གསར་པ་ཞིག་ཆགས་པ་དང་དེ་ནི་ད་ལྟ་ཟངས་དཀར་ལ་བག་སྟོན་སྐབས་སུ་ལེན་པའི་གླུ་གཞིས་དེ་ཡིན་པར་བཤད་སོང་།
ཁོང་གི་ཆུང་དུས་ནས་གཞེས་ཚིག་དེ་བློ་ལ་བཟུང་ཟིན་པ་དང་ད་ལྟ་དཔེ་ཆ་དེ་བསྟན་རྒྱུ་མེད་ལབ་སོང་།
གལ་སྲིད་དེབ་དེ་ང་ལ་སྙེད་སོང་ན་ཏན་ཏན་ལྟ་ཞིབ་གཅིག་བྱེད་གྱི་ཡིན།
སྔར་ཡིན་ན་ཟངས་དཀར་དུ་བག་སྟོན་བདུན་ཕྲག་གཅིག་རིང་བརྩི་ཡི་ཡོད་པ་དང་དེང་སང་ཟངས་དཀར་ནང་པ་ཚོགས་འདུས་ཀྱི་སྤྱི་ཚོགས་ལ་ཕན་ཕྱིར་ཉི་མ་གསུམ་ལས་བརྩི་མི་ཆོག།
དེ་དང་མཉམ་དུ་ཆང་རག་མང་པོ་དཀོལ་མི་ཆོག་པ་དང་ཤ་ལ་སོགས་པའི་འཚེ་བ་ཅན་གྱི་ཟ་གཏུང་དཀོལ་མི་ཆོག་པ་བྱས་ཡོད་པས་ཟངས་དཀར་ནང་པའི་ཚོགས་འདུས་ལ་བསྔགས་བརྫོད་ཡོད།


No comments:
Post a Comment